སྐྱ་རེངས་ནང་ཆོས་གླེང་སྟེགས།

དྲ་ཚིགས་འདི་སྐྱ་རེངས་དྲ་ཚིགས་དང་གཅིག་ཏུ་འདུས་མཁན་ཡིན་པས་རྗེས་སུ་ www.kyareng.org ཐོག་གཟིགས་རོགས་ཞུ།

2010-01-02

ཡོན་ཆབ་འབུལ་ཚུལ། ༼ནང་ཆོས།༽

ར་ས་ཕོ་ཉ།

ཇོ་བོ་རྗེ་དཔལྡན་ཨ་ཏི་ཤའི་ཞལ་ནས། བོད་ཀྱི་ཆུ་འདི་ཐམས་ཅད་ཡན་ལག་བརྒྱད་ལྡན་ཡིན་པས་བོད་ན་མཆོད་པ་ཡོན་ཆབ་གཅིག་པུས་ཆོག་པར་འདུག་ཞེས་གསུངས་པས། ངེད་ཅག་བོད་ཀྱི་ཆུ་འདིས་ཡོན་ཆབ་ཕུལ་ན་ཕན་ཡོན་ཤིན་ཏུ་ཆེན་པོ་འབྱུང་རྒྱུ་གདོན་མི་ཟ་བས་ད་ལན་ཡོན་ཆབ་འབུལ་ཚུལ་གྱི་སྐོར་ཞིག་བརྗོད་ན།

༡༽ ཕུལ་བྱའི་རྫས་ཆུའི་ཡོན་ཏན།
གང་ཕུལ་བར་བྱ་བའི་ཆུ་ལ་འབྱུང་ན་ཡན་ལག་བརྒྱད་ལྡན་ཉིད་བཟང་བ་ཡིན་ཏེ། ཡན་ལག་བརྒྱད་ནི།
མཆིམས་འཇམ་པའི་དབྱངས་ཀྱིས།
བསིལ་དང་ཞིམ་དང་ཡང་བ་དང་།།
འཇམ་དང་དྭངས་དང་དྲི་ང་མེད།།
འཐུང་ན་མགྲིན་དང་ལྟོ་བ་ལ།།
མི་གནོད་ཡན་ལག་བརྒྱད་ལྡན་ཆུ།།
ཞེས་གསུངས་པ་ལྟར་ཡིན། གལ་ཏེ་མི་འབྱུང་ན་རྒྱུན་ལྡན་སོ་སོའི་འཐུང་རྒྱུའི་ཆུས་ཕུལ་ནའང་མ་འགྲིགས་པ་མེད།

༢༽ ཕུལ་བྱེད་གང་ཟག་གི་ཀུན་སློང་བཅོས་ཚུལ།
མགོན་པོ་ཀླུ་གྲུབ་ཀྱིས།
འདོད་ཆགས་ཞེ་སྡང་གཏི་མུག་གསུམ།།
དེས་བསྐྱེད་ལས་ནི་མི་དགེ་བ།།
མ་ཆགས་མི་སྡང་གཏི་མུག་མེད།།
དེས་བསྐྱེད་ལས་ནི་དགེ་བའོ།།
ཞེས་གསུངས་པ་ལྟར་ཐོག་མར་དགེ་བའི་སེམས་དཔེར་ན། མ་སེམས་ཅན་ཀུན་གྱི་དོན་དུ་ངས་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ་བ་ལ་ཐོག་མར་ཚོགས་གསོག་པའི་ཕྱིར་དཀོན་མཆོག་མཆོད་པར་བགྱིའོ་སྙམ་པའི་ཀུན་ནས་སློང་ན། དངོས་གཞི་ཡོན་ཆབ་ཕུལ་བའི་ལས་ཐམས་ཅད་དགེ་བར་གྱུར་ཏེ། ཇོ་བོ་ཆེན་པོས་ཀྱང་། རྩ་བ་སྨན་ཡིན་ན་ཡལ་ཁ་དང་ལོ་མ་ཡང་སྨན་དུ་སོང་ཞེས་གསུངས་སོ།།

༣༽ ཚུལ་ཇི་ལྟར་འབུལ་བའི་ཚུལ།
དང་པོ་༼མཆོད་སྟན་ཐིང་དེ་ནས་༽ཏིང་རྣམས་ཕྱིས། དེ་ནས་ཏིང་རྣམས་བརྩེགས་ཏེ་ཏིང་སྟེང་མ་དེའི་ནང་ཆུ་ཅུང་ཟད་བླུགས། ཨོཾ་ཨཿ་ཧཱུྂ་ཞེས་བརྗོད་ནས་བྱིན་གྱིས་རླབས། དེ་ནས་ཏིང་སྟེང་མར་ཡོད་པའི་ཆུ་དེ་ཏིང་འོག་མ་འོག་མར་བགོ་བཞིན་ཏིང་རྣམས་བསྒྲིགས། ཏིང་སྒྲིག་པའི་ཚེ་ཏིང་ཕན་ཚུན་མི་ཐུག་པ་དང་བར་ཐག་མི་རིང་བ་དང་ཏིང་ཕན་ཚུན་བརྡབས་ནས་སྒྲ་མ་འབྱིན་པ་བྱེད་དགོས། དེ་ནས་ལག་པ་གཉིས་ཀས་གུས་པས་གྲལ་མགོ་ནས་ཕུལ་དགོས་ཤིང་། དེ་ཡང་ལུད་པ་དང་མ་ཁེངས་པ་མ་ཡིན་པར་འབྲུ་རེ་ཚོད་ཙམ་མ་གཏོགས་གང་བར་བླུགས་ན་དགེ་ལེགས་འཕེལ་ལ། དེ་ལས་ལྡོག་ན་ཉེས་དམིགས་བྱུང་བ་ཡིན།

༤༽ ཕུལ་བའི་ཕན་ཡོན་དང་ཇི་ལྟར་གཤོམ་༼སྡུད་༽ཚུལ།
ཡན་ལག་བརྒྱད་ལྡན་ཆུའི་ཡོན་ཆབ་ཕུལ་བས་ཕན་ཡོན་མི་འདྲ་བ་བརྒྱད་སོ་སོར་ཐོབ་ཏེ། དེ་ཡང་། བསིལ་བ་ཕུལ་བས་ཚུལ་ཁྲིམས་དག་པ་དང་། ཞིམ་པ་ཕུལ་བས་རོ་མཆོག་རྙེད་པ་དང་། ཡང་བ་ཕུལ་བས་ལུས་སེམས་ལས་སུ་རུང་བ་དང་། དྭངས་པ་ཕུལ་བས་རིག་པ་དྭངས་པ་དང་། དྲི་ང་མེད་པ་ཕུལ་བས་སྒྲིབ་པ་སྦྱོང་བ་དང་། ལྟོ་བར་མི་གནོད་པ་ཕུལ་བས་ནད་མི་འབྱུང་བ་དང་། མགྲིན་པར་མི་གནོད་པ་ཕུལ་བས་ངག་སྙན་པ་འབྱུང་ངོ་། །མཐར་ཐུག་ཀྱི་ཕན་ཡོན་ནི་སངས་རྒྱས་ཀྱི་སྐུ་སྒྲུབ་བྱེད་ཀྱི་ཚོགས་སུ་འགྲོ་བའོ། །གཤོམ་པའི་ཚེ་བླ་མ་རྣམས་ཀྱི་ཕྱག་ལེན་བཞིན་དང་པོ་མཇུག་ནས་རིམ་གྱི་བཤམ་དགོས་པའོ།།
ས་གླང་མགོ་ཟླ་བ་ཚེས་༡༤ཉིན་ར་ས་བསྟན་ཕུན་དཔལ་གྱིས་བྲིས།

2009-12-12

བོད་འགྱུར་ཚན་རིག་གི་གཞུང་ལུགས་ཤིག་གླེང་བ།

ཀུན་གསལ།
____ཚན་རིག་པ་ཁྲེ་ཁོ་ཕ་རིང་དང་ཁོང་གི་གཞུང་ལུགས།
ཚན་རིག་གསར་བརྗེ་མེས་པོ་རུ་འབོད་པའི་ནི་ཁོ་ལའ་སུ་ཁོ་ཕེར་ནིཀས་(Nicolas Copernicus,1473-1543)མཆོག་གིས་གནའ་བོའི་ཚན་རིག་པ་གྲགས་ཆེན་ཕ་ཁྲོ་ལེ་མེས(Ptolemy,90-168ad)་བརྩམས་པའི་བླ་ན་མེད་པའི་བསྟན་བཅོས་(འདིའི་བཤད་སྲོལ་དུས་རབས་བཅུ་གཅིག་པའི་ནང་བོད་ལ་འགྱུར་ཡོད)ཀྱིས་ལོ་ངོ་༡༤༠༠རིང་ལ་འཛམ་གླིང་གི་མི་ཕལ་ཆེ་བ་ཡིད་ཆེས་བསྐྲུན་པའི་འཇིག་རྟེན་གྱི་བཀོད་པའི་བཤད་སྲོལ་ལས་ལོགས་སུ་བཤད་སྲོལ་ཞིག་གསར་གཏོད་བྱས་ནས་ཚན་རིག་གི་གསར་ བརྗེ་དུས་རབས་མགོ་ཚུགས་མོད། ཡི་ཤུའི་གསུང་རབས་གསར་མའི་བཤད་སྲོལ་དང་མ་མཐུན་པས།ཡེ་ཤུ་བ་ཚོས་ཁོ་ཕར་ནིཀས་ ཡི་གསར་གཏོད་ཀྱི་བསྟན་བཅོས་༡༨༣༥ལོའི་བར་ཏུ་བཀག་སྡོམ་བྱས་ཡོད། ཚན་རིག་པ་ཁོང་འདས་ཟིན་ནའང་ཚན་རིག་གི་གསར་བརྗེ་བ་འདས་ཚར་མེད། ཁོ་ཕར་ནི་ཁོཀས་འདས་ པའི་ལོ་གསུམ་གྱི་རྗེས་སུ་སྒྲེན་རྨག(Denmark)ནང་ཚན་རིག་གི་སྐྱེས་ཆེན་དམ་པ་ཁྲེ་ཁོ་པ་རིང་(TychoBrahe)་༡༥༤༦་ལོར་སྐུ་འཁྲུངས།ཁོས་ལོ་ན་ཆུང་དུས་ཁྲིམས་ལ་སློབ་སྤྱོང་བྱས་ནའང་།གནམ་རིག་པ་ཞིག་གིས་༡༥༦༠ལོའི་ཟླ་༨་ཚེས་༢༡་ལ་གཟའ་འཛིན་བརྟག་པ་ལེགས་པར་ཤེས་ཡོད་པ་མཐོང་ནས་ཁོ་དེ་ལ་ངོ་མཚར་སྐྱེས་པས་སྐར་རྩིས་སྤྱངས། ཁོང་གིས་སྔ་ཕྱི་བྱས་ནས་སྐར་དཔྱད་ཁང་ཁ་ཤས་བཙུགས་པ་དང་དེའི་ནང་གནམ་རིག་པ་སློབ་མ་བརྒྱ་ལ་ཉེ་བ་ཡོད་པར་བཤད།རོ་མན་སྐྱབས་མགོན་མཆོག་གིས་རྒྱབ་སྐྱོར་ལས་ ཁྲེ་ཁོ་པ་རིང་གིས་ཚད་ཐུག་ལེན་པའི་མཁོ་ཆས་བསྒྲིགས་ནས་སྐར་དཔྱད་ཁང་བཙུགས་པ་ དེ་ནི། དེ་དུས་ཡུ་རོབ་ གླིང་གི་སྐར་དཔྱད་ཁང་ཆེ་ཤོས་དང་ངོ་མཚར་ལྡན་ཤོས་ཡིན་པར་མ་ཟད། པ་རིང་ཁོང་ནི་ཡུ་རོབ་ཀྱི་ཆེས་མཐའ་མའི་རིག་པ་ཁོ་ནས་གཟའ་སྐར་བརྟག་དཔྱད་མཁན་ཡང་ཡིན།ཁོའི་རྗེས་སུ་རྒྱངས་ཤེལ་ལ་རྟེན་ནས་གཟའ་སྐར་བརྟག་དཔྱད་བྱེད་པའི་མགོ་ ཚུགས།ཁྲེ་ཁོ་པ་རིང་གི་ལུགས་ནི་ས་གོ་ལ་འཇིག་རྟེན་གྱི་དཀྱིལ་དུ་འདོད་པའི་ཕ་ ཁྲོ་ལེ་མེ་ལུགས་དང་འཇིག་རྟེན་འདིའི་གཟའ་སྐར་ཚང་མའི་ལྟེ་བ་ཉི་མ་ཡིན་པར་འདོད་ པའི་ནི་ཁོ་ལའ་སུ་ཁོ་ཕེར་ནིཀས་ཡི་ལུགས་གཉིས་ཀྱི་དབུས་སུ་གནས་པའི་དབུ་མའི་ལུགས་ཤིག་རེད། དེ་ཡང་ཉི་མ་དང་ཟླ་བ་གཉིས་ས་གོ་ལ་དཀྱིལ་དུ་གནས་ནས་འཁོར་གྱིན་ཡོད་པ་དང་། མིག་དམར་སོགས་གཟའ་ལྔ་དང་སྐར་མ་རྣམས་ཉི་མ་དཀྱིལ་དུ་གནས་ནས་ འཁོར་གྱིན་ཡོད་པར་འདོད།
ཁོང་གིས་ཉི་ཟླ་གཉིས་ས་གོ་ལ་ལྟེ་བར་གནས་ནས་འཁོར་གྱིན་ཡོད་པར་བཤད་པ་ནི་ཡུལ་གྱི་རྒྱལ་བོ་དང་ཡི་ཤུ་ཆོས་ལུགས་ལ་བསྟུན་མཁས་བཅོས་པ་ཞིག་རེད་སྙམ།རྒྱུ་མཚན་དེའི་ཕྱིར་གཞུང་ལུགས་འདི་ཡི་ཤུ་ཆོས་ལུགས་པ་ཚོས་གཞུང་འབྲེལ་གྱིས་ཡི་ཤུ་ཆོས་སྤེལ་བྱེད་ཀྱི་ལག་ཆ་ལྟ་བུར་བེད་སྤྱོད་གནང་འདུག ཁྲེ་ཁོ་པ་རིང་གི་དཔྱད་སྟོབས་ཀྱི་རིག་པ་འདྲ་བ་ཁོང་གི་སྔོན་དུ་ཡོ་རུབ་གླིང་ལ་བྱུང་མེད་པར་བཤད། ༡༥༧༢་ལོར་ཁྲེ་ཁོང་གིས་ཟླ་བ་དང་ཁད་ཉེ་ས་ནས་འོད་འཚེར་བའི་སྐར་མ་ཞིག་གསར་དུ་རྙེད།དེའི་མིང་ལ་༡༥༧༢་འམ་ཁྲེ་ཁོའི་སྐར་མ་ཟེར།
ཁྲེ་ཁོ་པ་རིང་གི་ཚེ་སྨད་ཀྱི་དཔྱད་འབྲས་ཕྱི་བསྒྲག་ཐུབ་མེད།ཁོང་མ་འདས་པའི་ལོ་ གཅིག་གི་སྔོན་༡༦༠༠་ལོར་ཁོང་གི་སྐར་དཔྱད་ཁང་དུ་སྐར་དཔྱད་པ་ཇོ་ཧན་ནེས་ཁེ་ཕུ་ལེརJohannesKepler(1571-1630)བོས་ ཏེ་ཁྲེ་ཁོ་པ་རིང་ཁོང་ལ་རོགས་བྱེད་དུ་བཅུགས།༡༦༠༡་ལོར་ཁྲེ་ཁོ་པ་རིང་གློ་བུར་དུ་སྐུ་ཚེ་འདས་པ་ལ།ཇོ་ཧན་ནེས་ཁེ་ཕུ་ལེར་གྱིས་བསད་པ་རེད་ཟེར་བ་དང་སྒྲེན་རྨག་རྒྱལ་པོས་བསད་པ་རེད་ཟེར་བ་སོགས་བཤད་ཚུལ་མང་པོ་ཞིག་ཡོད།གང་ལྟར་ཡང་ཇོ་ཧན་ནེས་ཁེ་ཕུ་ལེར་གྱི་གཟའ་མིག་དམར་གྱི་རྒྱུ་ལམ་གྱི་གསར་རྟོགས་དང་།གཟའ་སྐར་འཁོར་ལམ་གོར་གོར་ཨ་ལོང་འདྲ་བ་མ་ཡིན་པར་ཟླུམ་པོ་སྒོང་དབྱིབས་འདྲ་བ་ཡིན་པར་སྨྲ་བ་སོགས་ཀྱི་་གསར་གཏོད་ཀྱི་རིག་པ་ཁྲེ་ཁོ་པ་རིང་གི་རིག་པ་ཡིན་སྲིད་པ་ཞིག་རེད།ཁྲེ་ཁོ་པ་རིང་ཁོང་གི་མ་རྟོགས་ པའི་ཕྲ་མོའི་རིགས་ཁ་ཤས་ཡོད་པ་ཕྱིས་སུ་རྒྱངས་ཤེལ་སྤྱད་ཀྱང་ལོ་ངོ་ཉིས་བརྒྱའི་རིང་ལ་རྟོགས་མ་ཐུབ། དུས་རབས་བཅུ་དྲུག་པ་དང་བཅུ་བདུན་པའི་ནང་ཁྲེ་ཁོ་པ་རིང་གི་ལུགས་ཡོ་རུབ་གླིང་ལ་དར་ཁྱབ་ཆེན་པོ་བྱུང་།

ཚན་རིག་པ་ཁྲེ་ཁོ་པ་རིང་གི་གཞུང་ལུགས་རྒྱ་ནག་ལ་བསྒྱུར་བ།
༡༦༣༥ལོར་ཡི་ཤུ་ཆོས་སྤེལ་བ་ཇོན་ཨ་ཌམ་སེ་ཤེད་(1591-1666)་དང་རྒྱའི་རྩིས་བ་འགས་ཁྲེ་ཁོ་པ་རིང་གི་ལུགས་འདི་རྒྱ་ནག་པོའི་སྐད་དུ་བསྒྱུར་ནས་ཁྲུང་ཀྲིན་རྩིས་ཡིག་ཅེས་ཏྰ་མིང་རྒྱལ་པོ་མཐའ་མ་ཁྲུང་ཀྲིན་གྱི་མིང་བཏགས། རྒྱའི་རྩིས་པ་རྣམས་འདི་ལ་ཧ་ལས་ཡོད་ནའང་དེ་དུས་དར་ཁྱབ་ཆེན་པོ་བྱུང་མེད། སྟབས་ལེགས་པ་ཞིག་ལ་༡༦༤༤ལོར་མཉྫུས་རྒྱ་ནག་ལ་དབང་བསྒྱུར། ཇོན་ཨ་ཌམ་སེ་ཤེད་ཀྱིས་ཁྲུང་ཀྲིན་རྩིས་ཡིག་ཅུང་ཟད་བསྡུས་ཏེ་མིང་ལ་ནུབ་གླིང་རྩིས་གསར་ཞེས་བཏགས་ནས་མཉྫུའི་གོང་མ་ལ་ཕུལ། གོང་མས་སོམ་ཉི་མེད་པར་དང་དུ་བླངས་ནས་༡༦༤༥ལོ་ནས་བཟུང་ནུབ་གླིང་རྩིས་གསར་ལྟར་གནམ་གྱི་དུས་ཚད་མར་བཟུང་སྟེ་ལོ་ཐོ་བསྒྲུབ་ནས་འབངས་སྐྱོང་དགོས་པའི་བཀའ་ཕབ།དེའི་ རྗེས་སུ་་མཉྫུའི་ཡི་གེ་དང་རྒྱ་ཡིག་དང་་སོག་ཡིག་གི་ནང་ཧྭང་ ལི་སྟེ་ལོ་ཐོ་ལོ་རེ་རེ་བཞིན་ཞིང་ཆེན་ཡུལ་གྲུ་སོ་སོར་ཁྱབ་གདལ་བྱས།ལོ་ཉིས་ སྟོང་ལྔ་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པར་གྲགས་པའི་རྒྱའི་རྩིས་རིག་ལ་འདི་ནས་ བཟུང་ངལ་གསོ་་བྱེད་བཅུགས་པ་རེད།

ཚན་རིག་པ་ཁྲེ་ཁོ་པ་རིང་གི་གཞུང་ལུགས་བོད་ལ་བསྒྱུར་བ།
༡༦༥༡་ ལོར་རྒྱལ་དབང་ལྔ་བ་ཆེན་མོ་ཤར་ཕྱོགས་འཇམ་དབྱངས་གོང་མའི་རྒྱལ་ཁབ་ཏུ་བགྲོད་སྐབས་རྒྱལ་ས་པེ་ཅིན་དུ་ནུབ་གླིང་རྩིས་གསར་མཐོང་ནས་ཡིད་དབང་ཕྲོགས་ཡོད་ན་ཡང་ཁོང་གི་སྐུ་དུས་སུ་གཞུང་འདི་བོད་ལ་བསྒྱུར་ཐུབ་མེད། ལྔ་བ་ཆེན་མོའི་སློབ་མ་དགུང་ལོ་བརྒྱད་ཅུ་ལ་ཉེ་བ་ཁལ་ཁ་རྗེ་བཙུན་དམ་པ་སྐུ་ཕྲེང་དང་པོ་ཤེས་རབ་སྙིང་པོ་སོགས་ལོ་ཙྰ་བ་བརྒྱད་ལྷག་གིས་ནུབ་གླིང་རྩིས་གསར་རྒྱ་འགྱུར་བོད་སྐད་དུ་བསྒྱུར་ཏེ་༡༧༡༥་ལོར་དཔར་དུ་བཀོད། བོད་སྐད་དུ་འགྱུར་བ་ལ་བམ་པོ་སུམ་ཅུ་སོ་དགུ་ཡོད་ལ།དེ་དག་ནི་ཉི་མ་མྱུལ་བའི་ངོས་འཛིན་ལ་གླེགས་བམ་༢དང་།ཟླ་བ་བརྒལ་བའི་ངོས་འཛིན་ལ་བམ་པོ་༤།སྤེན་པའི་ངོས་འཛིན་ལ་བམ་པོ་༡།ཕུར་བུ་ལ་བམ་པོ་༡མིག་དམར་ལ་བམ་པོ་༡།པ་སངས་ལ་བམ་པོ་༡།ལྷག་པ་ལ་བམ་པོ༡། འཕྲེད་པ་ལྔ་ལ་བམ་པོ་༡།བསྣོལ་འཛིན་ངོས་འཛིན་ལ་བམ་པོ་༩།བསྣན་པའི་བསྣོལ་འཛིན་གྱི་ངོས་འཛིན་ཞག་ཞེ་གཉི ས་པ་ནས་རེ་དྲུག་པ་ཕྱེད་ཀྱི་བར་དང་།དེའི་འབྱུང་ཁུངས་ཀྱི་རི་མོའི་བཤད་པ་བཅས་ལ་བམ་པོ༡༠།གནམ་དོན་གྱི་ཚད་བཤད་པ་ལ་བམ་པོ༡།སྐར་མ་ཐམས་ཀྱི་རི་མོ་སྙོམས་ཚད་སྐོར་ཐིག་ཅན་གྱི་བཤད་པ་ལ་བམ་པོ་༡།སྐུད་པ་བརྒྱད་ཀྱི་ངོས་འཛིན་ལ་བམ་པོ་༡།མནན་བརྙས་ཀྱི་ངོས་འཛིན་ལ་བམ་༡།བསྣན་པའི་བཀོད་པ་མཛད་པའི་ངོས་འཛིན་ལ་བམ་༡།གཟའ་བདུན་ཟིན་བྲིས་ཞིབ་མོ་ལ་བམ་༡།བསྣོལ་བར་འཛིན་པའི་ཟིན་བྲིས་ཞིབ་མོ་ལ་བམ་༡།དཀར་ཆག་དང་དཔར་བྱང་ལ་བམ་པོ་༡་བཅས་སོ།
རྒྱ་ཡིག་ནས་སྒྱུར་བ་ཡིན་ཙང་བོད་སྐད་དུ་ཡོངས་གྲགས་ལ་རྒྱ་རྩིས་ཆེན་མོ་ཟེར། བོད་ལ་འདིའི་འཁྲིད་རྒྱུན་མེད་པས་བོད་པ་ཚོས་ལག་ལེན་དུ་བསྟར་ཐུབ་མེད། རྒྱུ་མཚན་ནི་སྐབས་འདི་དུས་ཡང་བོད་རྒྱའི་བར་དམག་འཁྲུག་ཡང་ཡང་བྱུང་ཡོད་ལ།ལྷག་པར་དུ་ཆུ་ཡོས་༼༡༧༢༣༽དམག་འཁྲུག་བྱུང་བས་ཆིན་དམག་གིས་ཉིན་གཅིག་ལ་དགོན་ལུང་དགོན་པའི་ནང་གྲྭ་བ་དྲུག་བརྒྱ་ལྷག་བསད་པ་སོགས་དེ་དུས་བོད་ཀྱི་རིགས་གནས་ཀྱི་ས་ཁུག་གཙོ་བོ་ཞིག་ཡིན་པའི་བྱང་གི་དགོན་ཆེན་རྣམས་ལ་གོད་ཆག་བཟོས་པ་དང་བོད་རྒྱའི་བར་འགྲོ་འོང་ཆད་པས་རྩ་བ་ཟུར་གསུམ་རིག་པ་བརྟེན་ནས་བྱུང་བའི་སྐུད་པ་བརྒྱད་ཀྱི་རིག་པའི་འཁྲིད་རྒྱུན་བོད་ལ་སྤེལ་མ་ཐུབ་པ་ཡིན་ནམ་སྙམ།
ཡིན་ནའང་དགའ་དགོས་པ་ཞིག་ཡོད་པ་ནི་ནུབ་གླིང་རྩིས་གསར་བོད་སྒྱུར་དཔར་དུ་བཏབ་པ་ནས་ལོ་སུམ་ཅུ་ཙམ་སོང་བ་ན་གནམ་རིག་པ་ཆེན་པོ་མྰ་ཡང་བཟོད་པ་རྒྱལ་མཚན་གྱིས་རྒྱ་འགྱུར་དང་སོག་འགྱུར་གཉིས་ལ་ལེགས་པར་སྤྱངས་ནས་དུས་འཁོར་ལུགས་ཀྱི་རི་མོ་བྲི་ སུབ་ཀྱི་འགྲོ་ལུགས་དང་བསྟུན་ནས་ཉི་ཟླ་གཟའ་འཛིན་བརྟགས་ཚུལ་ཏེ་ཡོངས་གྲགས་སུ་རྒྱ་རྩིས་སྙིང་བསྡུས་ཞེས་བའི་རྩིས ་༡༧༤༤ལོར་གསར་རྩོམ་བྱས། འདི་ནི་ནུབ་གླིང་རྩིས་གསར་གནད་བསྡུ་བྱས་པར་མ་ཟད་གསར་བཏོད་ཀྱི་ཁྱད་ཆོས་ཡང་ལྡན་ཡོད།དཔེར་ན། ༡ཉི་ཟླའི་སྒྲིབ་ཚུལ་ལས་གཟའ་ལྔའི་སྐོར་བྲིས་མེད་ལ།ཟླ་འཛིན་སྐོར་དེ་ཙམ་བསྡུས་མེད་ནའང་།ཉི་འཛིན་སྐོར་སུམ་ཆ་གཅིག་ལྷག་བསྡུས་ཡོད། ༢ནུབ་གླིང་རྩིས་གསར་ལ་ཐོག་མར་རྩ་དྷྲུ་ལྔ་སྤྱི་ཞག་གིས་སྒྲུབ་ཡོད་ནའང་སྙིང་ བསྡུས་འདིར་དུས་འཁོར་ལུགས་ལྟར་ཟླ་དག་གིས་སྒྲུབ་དགོས་པ་བཟོས་ཡོད། ༣རྩི་བྱ་འགའི་བགོ་བྱ་དང་བགོད་བྱེད་ནུབ་གླིང་རྩིས་ལྟར་མ་ཡིན་པར་དུས་འཁོར་ལྟར་བརྩིས་ཡོད།༤ཉི་མའི་ངེས་པའི་སྤྱི་འགྲོས་སྐབས།ནུབ་གླིང་རྩིས་ལྟར་དུས་ཚོད་གཅིག་སྲང་དུ་བཤིག་པ་བགོ་བྱ་དང་།དུས་ཚོད་གཅིག་གི་ཉི་མའི་སྤྱི་འགྲོས་སྲང་ཐུབ་ཡིད་༡༤༧དང་འབུམ་ཆ་ཟླ་ཐུབ་ཆུ་ཀླུ་༨༤༧༡བགོད་བྱེད་དུ་འཛིན་ཡང་།སྙིང་བསྡུས་འདིར་གཉིས་ཀ་ལ་ཐིག་ཡིད་༡༤༠ཀྱིས་བསྒྱུར།ཕྱོགས་༡༠་ཡིས་བགོས་ནས་བགོ་བྱ་བུག་ལག་གཟུགས་མིག་༢༡༢༩་དང་།མཚོ་རོ་ཀླུ་༨༦༤ལ་མཁའ་རོ་༦༠ཡིས་འཕར་བའི་རི་མོ་བགོད་བྱེད་དུ་འཛིན། ༥སྐུད་བརྒྱད་ཀྱི་ཚོད་འཇལ་ཆེན་པོ་སོགས་རེའུ་མིག་གསར་བཟོ་བྱས་ནས་གསར་གཏོད་གནང་ཡོད།རྩིས་གཞུང་འདི་བོད་དུ་དར་ཁྱབ་བྱུང་ཐུབ་ཡོད།ནུབ་གླིང་རྩིས་གསར་བོད་ལ་བསྒྱུར་བ་དང་དེའི་རྗེས་རྒྱ་རྩིས་སྙིང་བསྡུས་སམ་ནུབ་གླིང་རྩིས་གསར་སྙིང་བསྡུས་ཞེས་པ་གསར་རྩོམ་མཛད་པ་འདིའི་རྗེས་འབྲངས་བོད་ཡིག་གི་བརྩམས་ཆོས་ཉི་ཤུ་ལ་ཉེ་བ་ལྷག་བྱུང་ཡོད།ལྷག་པར་ཤར་ཁམས་དང་ཨ་མདོའི་ནང་ནུབ་གླིང་རྩིས་གསར་ལུགས་ཀྱི་ལོ་ཐོའི་ཚེས་གྲངས་ཉི་མ་རེ་རེ་རྩི་བཞིན་ཡོད ། དབུས་གཙང་དུ་དུས་འཁོར་ལུགས་ལྟར་ཚེས་གྲངས་བརྩིས་པ་དང་ཤར་ཁམས་དང་ཨ་མདོའི་ནང་ནུབ་གླིང་ལྟར་ཚེས་གྲངས་རྩིས་པས་བོད་ནང་ལ་ལོ་གསར་དང་ཆོ་འཕྲུལ་དུས་ཆེན། ས་ཟླའི་དུས་ཆེན་དང་ལྔ་མཆོད་ཆེན་མོ་སོགས་དུས་ཚེས་ལ་མི་འདྲ་བའི་ཁྱད་པར་ཤོར་བ་ རེད།རྒྱའི་ལོ་རྒྱུས་ནང་རྒྱལ་རབས་རེ་རེ་དབང་བསྒྱུར་སྐབས་ལོ་མགོ་འམ་ལོ་གསར་དང་ལོ་རྩིས་གསར་བརྗེ་བྱས་ནས་དབང་བསྒྱུར་སྟབས་བདེ་དང་གཅིག་གྱུར་གྱི་ནུས་པ་གོང་འཕེལ་ལ་བཏང་་འདུག དེ་ན་ང་ཚོས་བོད་གཅིག་གྱུར་བྱེད་དགོས་ན་རྩིས་གཅིག་གྱུར་བཟོས་ནས་ལོ་གསར་དང་དུས་ ཆེན་གཞན་རྣམས་གཅིག་གྱུར་བྱེད་བགྱི་ནི་བོད་གཅིག་གྱུར་གྱི་སྔོན་འགྲོ་ལྟ་བུ་ རེད།གཞན་ཡང་བོད་ཕྱི་ནང་གཉིས་ཀའི་ལོ་ཐོ་ཚང་མའི་ཐོག་སྤྱི་ལོ་དང་དུས་འཁོར་ལུགས་ནུབ་གླིང་རྩིས་གསར་གསུམ་གྱི་ཚེས་གྲངས་བཀོད་ཡོད་ན་ཡང་ནུབ་གླིང་རྩིས་གསར་ལ་རྒྱ་ རྩིས་ཡིན་ཤག་ལ་རྩིས་པ་ནི་ནོར་འཕྲུལ་ཆེན་པོ་ཞིག་རེད།

2009-07-02

སྐྱབས་འགྲོའི་སྐོར།

བསྟན་འཛིན་དཔལ་མཆོག
ང་རང་ནང་པའི་དགེ་སློང་ཞིག་ཡིན་པའི་ཆ་ནས་སྐད་ཆ་འདི་ང་ལ་འོས་བབ་ཡོད་པ་ཞིག་རེད། བྱས་ཙང་ངས་འགའ་སྤོབས་ཆེན་པོའི་ཐོག་ནས་ཞུ་ཡི་ཡིན།
དེ་ཡང་ནང་པ་སངས་རྒྱས་པའི་ཆོས་ཀྱི་སྒོ་ནི་སྐྱབས་འགྲོ་ཡིན་པས་ངས་འདིར་བརྗོད་གཞི་འདིའི་སྟེང་ནས་ཏོག་ཙམ་ཞུ་ཐུབ་ན་བསམ་པ་བྱུང༌།
དེ་ལ་ནང་པ་སངས་རྒྱས་པས་དཀོན་མཆོག་གསུམ་དུ་ཁས་ལེན་པས། འདི་ལྟར། སངས་རྒྱས་དང༌། ཆོས་དང༌། དགེ་འདུན་ནོ། །ཐོག་མར་སྤྲོས་བཤད་སྤངས་ནས་དེ་གསུམ་གྱི་ངོ་བོ་མདོར་ཙམ་ཞུས་ན། སངས་རྒྱས་ནྀ་སྐྱོན་ཐམས་ཅད་ཟད་ཅིང་ཡོན་ཏན་ཐམས་ཅད་རྫོགས་པའི་མཁྱེན་པ་མངའ་བ་ཞིག་ལ་འདོད་ཅིང༌། དེ་ཡང་རྟག་པ་རང་བྱུང་ལྟ་བུ་མ་ཡིན་པར་ང་ཚོས་ཀྱང་སྙིང་སྟོབས་སྐྱེད་ན་དེ་ལྟ་བུའི་སངས་རྒྱས་འགྱུར་རུང་ནང་པས་འདོད། ཆོས་དཀོན་མཆོག་ནི་སྐྱོན་གང་རུང་ཞིག་ཟད་པའི་ཆ་ནི་ཆོས་ཀྱི་གཙོ་བོ་དང་དེ་ཐོབ་བྱེད་ཀྱི་ལམ་བདེན་ཡང་ཆོས་དཀོན་མཆོག་ཡིན། དགེ་འདུན་དཀོན་མཆོག་ནི། སྡུག་བསྔལ་འགོག་པའི་འགོག་པ་ཐོབ་བྱེད་ཀྱི་ལམ་བདེན་རྒྱུད་ལ་མངའ་བའི་སྐྱེས་བུ་ཞིག་ལ་ཟེར། དེ་དག་ལས་སྐྱབས་དངོས་ནི་རང་ཉིད་ཐར་པར་བགྲོད་པ་ལ་ཐོབ་བྱེད་ཀྱི་ལམ་བདེན་རང་རྒྱུད་ལ་སྐྱེད་དགོས་པས་ཐོབ་བྱ་ཐར་པ་དང་ཐོབ་བྱེད་ལམ་བདན་གཉིས་ནི་སྐྱབས་དངོས་ཆོས་དཀོན་མཆོག་ཡིན་པར་བཞེད། དེ་ཙམ་ད་ལྟ་ནས་ང་ཚོའི་རྒྱུད་ལ་སྐྱེས་མ་ཐུབ་ནའང་དེའི་དོད་ལྟ་བུར་ཉམས་སུ་བླངས་འོས་པ་འདི་ལྟར། སྲོག་ཆགས་གྲོག་མ་ཚུན་ཆད་ཀྱི་སྲོག་གཅོད་པ་སྤོང་བ་དང༌། གཞན་གྱིས་བདག་ཏུ་བཟུང་བའི་ཁབ་སྐུད་ཡན་ཆད་ནས་མ་བྱིན་པ་ལེན་པ་སྤོང་བ་དང༌། ལོག་གཡེམ་སྤོང་བ་དང༌། ཀུ་རེའི་ཆེད་དུའང་རྫུན་སྤོང་བ་སོགས་ལུས་ངག་གི་སྤྱོད་ལམ་དང༌། ཡིད་ཀྱི་གཞན་ལ་མགོ་བསྐོར་བཏང་འདོད་དང་གནོད་སེམས་སྤོང་བ་སོགས་སེམས་ཀྱི་སྒོ་ནས་འཁྱེར་སོ་ཡག་པོ་བྱེད་རྒྱུ་དེ་ནི་སྐྱབས་འགྲོའི་ཐོག་མའི་བསླབ་བྱའི་ནང་གི་གཙོ་བོ་དང༌། འཇིག་རྟེན་ཡ་རབས་ཀྱི་ཀུན་སྤྱོད་དང་ཡང་མཐུན་པ་ཡིན་པ། ནང་ཆོས་ཁས་ལེན་མི་ལེན་ཐམས་ཅད་ཀྱིས་བསླབ་བྱ་འདི་ལ་བསླབ་ཆོག་པ་ཡིན། དེ་ནས་ཏོག་ཙམ་གཏིང་ཟབ་ཏུ་གཏང་ཁུལ་བྱས་ན། ནང་པའི་སྐྱབས་འགྲོའི་ཁྱད་ཆོས་གཙོ་བོ་ནི། དམིགས་ཡུལ་ཐར་པ་ལ་བཟུང་ནས་དེའི་ཆེད་དུ་སྐྱབས་དཀོན་མཆོག་གསུམ་ལ་རེ་ལྟོས་འཆའ་བ་ཞིག་དགོས་པ་དེ་རེད། དེ་ཡང་སྐྱབས་འགྲོ་བདུན་ཅུ་པ་ལས། སངས་རྒྱས་ཆོས་དང་དགེ་འདུན་ནི། །ཐའ་པ་འདོད་པ་རྣམས་ཀྱི་སྐྱབས། །ཞེས་གསུངས་པ་འདིས་ག་རེ་བསྟན་པ་རེད་ཟེར་ན། སྡུག་བསྔལ་དེ་ལ། སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་བཅས་གསུམ་ཡོད་པ་ལས། སྡུག་བསྔལ་གྱི་སྡུག་བསྔལ་ནི་ནམ་རྒྱུན་ཡོངས་གྲགས་ཀྱི་དཀའ་ངལ་རིགས་མཐའ་དག་འདིར་བསྡུས་ཡོད། དེ་སྡུག་བསྔལ་དུ་ངོ་སྤྲོད་བྱེད་དགོས་པ་ཡང་མེད་ལ། དེ་ལས་བྲལ་འདོད་ཀྱང་བསླབ་མ་དགོས་པར་སྲོག་ཆགས་གྲོག་མ་ཡན་ཆད་ལ་རང་ཆས་སུ་ཡོད་ཅིང༌། དེ་ལས་གནས་སྐབས་གྲོལ་བ་ཡང་དུད་འགྲོའི་རིགས་ཀྱིས་བྱེད། འགྱུར་བའི་སྡུག་བསྔལ་ནི་ནམ་རྒྱུན་ཡོངས་གྲགས་ལ་བདེ་བར་འདོད་པ་དེ་དག་ཡིན་ལ། དེ་ལ་བློ་ལོག་པ་སྤྱིར་བཏང་དཀོན་ཡང་ཕྱི་རོལ་པའི་ནང་ལ་ཡང་ཡོང་གི་ཡོད། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ནི། གནས་ངན་ལེན་རྗེས་སུ་འབྲེལ་བའི་ཟག་བཅས་ཀྱི་ཚོར་བ་བཏང་སྙོམས་དེ་ཡིན་ལ། འདི་ནི་སྐྱེ་བོ་ཕལ་ཆེ་བས་བསམ་བློའི་ནང་མེད་ལ། ཕྱི་རོལ་པའི་ནང་ཡོད་ཀྱང་འདི་ཉིད་ཐོབ་བྱར་འདོད། དེས་ན་འདུ་བྱེད་ཀྱི་སྡུག་བསྔལ་སྤང་བྱར་བྱས་ནས་དེ་ལས་གྲོལ་བའི་ཐར་པ་མྱང་འདས་ཐོབ་པར་འདོད་ན་སྐྱབས་དཀོན་མཆོག་གསུམ་ལ་མ་བརྟེན་པར་འགྲོ་ས་མེད། དེའི་རྒྱུ་མཚན་ཡང༌། ཚེ་འདིའི་བདེ་སྐྱིད་ནི་ཆོས་ལ་ངེས་པར་བརྟེན་མ་དགོས་པར་སྒྲུབ་ན་ཡང་བསྒྲུབ་ཏུ་ཡོད་པ་མཐོང་ཆོས་ལ་ཡོད་པ་འདི་རེད། ཚེ་ཕྱི་མའི་བདེ་སྐྱིད་མུ་སྟེགས་པས་ཀྱང་བསྒྲུབ་ཐུབ་པས་དེ་ཙམ་ནང་པ་སངས་རྒྱས་པའི་ཆོས་ཀྱི་ཁྱད་ཆོས་མིན། འོན་ཀྱང་སྡུག་བསྔལ་རྩ་བ་དང་བཅས་པ་སྤངས་པའི་ཐར་པ་ཐོབ་འདོད་ན། དེ་ལ་སྤྱིར་ཐར་པ་ཡོད་པ་ཤེས་དགོས། དེ་ཤེས་ན་ཆོས་དཀོན་མཆོག་ངོ་ཤེས་པ་ཡིན། དེ་ཤེས་པ་ལ་ཐར་པ་ཐོབ་པའི་གེགས་བདག་འཛིན་མ་རིག་པ་གཉེན་པོས་ཟད་རུང་དུ་ཤེས་དགོས། དེ་ལྟར་ན་ལམ་འབྲས་བུ་དང་བཅས་པའི་ཚུལ་ཕྱིན་ཅི་མ་ལོག་པར་སྟོན་པའི་སངས་རྒྱས་ལ་དགའ་བ་དང་དད་པ། ལམ་དེ་དག་ལ་སློབ་པའི་འཕགས་པའི་དགེ་འདུན་ལ་ཡིད་ཆེས་དང་གུས་པ་སྐྱེ་བ་བཅས་ཀྱིས་རང་རྒྱུད་ལ་ལེགས་ཚོགས་ཐམས་ཅད་འབྱུང་བའི་མགོ་ཚུགས་ཡོང་བ་ཡིན་ནོ། །ངས་འདིར་བཤད་པ་རྣམས་མདོར་བསྡུས་ཙམ་ངོ་སྤྲོད་དུ་བཀོད་པ་ཡིན་པས། ཞིབ་པ་བླ་མ་བཟང་པོས་ཞལ་ལས་ཤེས་དགོས་ཤིང༌། རང་གིས་ཀྱང་དོ་སྣང་བྱས་ནས་སློབ་སྦྱོང་བྱས་ན་རང་རེའི་མེས་པོ་གོང་མ་ཚོས་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏང་ནས་བསྒྲུབས་པའི་ནོར་བུ་རིན་པོ་ཆེ་ལ་བདག་གཅེས་བྱེད་པ་ཡིན་པས་འབད་པར་འཚལ། ཞེས་གངས་ཅན་གཞོན་སྐྱེས་རྣམས་ལ་སྙིང་ཐག་པ་ནས་རེ་བསྐུལ་ཞུ།

ནང་ཆོས་ཅི་ཞིག་ཡིན།

སེར་ཤུལ་རིན་ཆེན་དོན་གྲུབ། སེར་བྱེས།
ཀ༽
ན་གཞོན་གྲོགས་པོ་ཚོ། གལ་ཏེ་ཁྱེད་རང་གངས་ཅན་ཨ་མའི་མངལ་སྦུབས་ལས་འཁྲུངས་ཤིང་སྤྲེལ་རྒན་སེམས་དཔའི་རིགས་རྒྱུད་དུ་གཏོགས་ཚེ། དཀོན་མཆོག་ལ་སྐྱབས་སུ་སོང་ཞིང་འབྲུ་དྲུག་གི་དབྱངས་རྟ་འདྲེན་ངེས། ཡིན་ཡང་ཁྱེད་ཀྱིས་རང་ཉིད་ཀྱི་དད་འདུན་ཙམ་དང་དལ་ལྷོད་ཀྱི་དུས་སྐབས་རེར་གནས་མཇལ་དང་སྤྲོ་འཆམ་གྱི་ཚོར་སྣང་དང་སྦྲགས་གང་ཞིག་དགོས་པའི་རེ་འདུན་ཡོད་ཚད་རྟེན་གསུམ་གྱི་དྲུང་དུ་ཞུ་ཞིང་སྨོན་པ་ཙམ་ཞིག་དང༌། གཞན་མེས་པོ་ཚོ་ནས་བརྒྱུད་པའི་ལྷ་ཀླུ་གཞི་བདག་སོགས་ལ་གསོལ་མཆོད་བྱེད་པའི་ལམ་ལུགས་ཙམ་ཞིག་སྐད་གྲགས་ཆེ་བའི་བོད་བརྒྱུད་ནང་བསྟན་ལ་ངོས་འཛིན་བྱེད་སྲིད། དེ་ནི་ཁྱེད་ཀྱིས་ནང་ཆོས་ཀྱི་སྙིང་དོན་མ་ཤེས་པའི་རྨོངས་དད་ཅིག་ཡིན་ཞིང་ནང་ཆོས་ལ་ལོག་ལྟ་སྐྱེ་བའི་ས་བོན་ནག་པོ་ཞིག་ཀྱང་བཏབ་པ་ཡིན།
ཁ༽
ནང་པ་སངས་རྒྱས་པ་ངོ་མ་ཞིག་བྱེད་ཚེ་ཁྱོད་ཀྱིས་གནས་ལུགས་མང་པོ་ཞིག་རྟོགས་དགོས་ཤིང་ཉམས་ལེན་མང་པོ་ཞིག་བྱེད་དགོས། གང་ཞིག་འཇིག་རྟེན་འདིར་ཡང་དག་པའི་ལྟ་གྲུབ་དང་ཡང་དག་པའི་གཞུང་ལུགས་ཤིག་ཡིན་ཚེ་དེ་ནི་སུས་ཀྱང་ཤེས་ཆོག་ཆོག་ཅིག་དང་སྤྱོད་ཐུབ་པ་ཞིག་ཡིན་མི་སྲིད། གལ་ཏེ་ཁྱེད་རང་འཇིག་རྟེན་ན་མཆོག་ཏུ་གྱུར་པའི་སྐྱེད་ཚལ་ལམ་གླིང་ག་ཞིག་ཏུ་འགྲོ་དགོས་ཚེ་མཐུན་རྐྱེན་གང་མང་ཞིག་ལ་བརྟེན་དགོས་ཤིང་མཐུན་རྐྱེན་ལེགས་གྲུབ་ཟིན་མཚམས་གཞི་ནས་ཁྱེད་ཀྱི་ཚོལ་བསྙེགས་ལ་འབྲས་བུ་འབྱུང་བ་ཡིན། དེས་ན་ཁྱེད་རང་དེང་རབས་དང་འཚམ་པར་མདུན་སྐྱོད་བྱེད་ཅིང་ཡང་དག་པའི་ནང་བསྟན་ལ་མོས་འདུན་ཡོད་ཚེ། དུས་ནས་དུས་སུ་ནང་བསྟན་ངོ་མའི་བཞིན་རས་ཚོལ་དགོས་ཤིང་རྣམ་པར་དཔྱོད་པའི་ཤེས་རབ་ཀྱིས་དྲངས་པའི་དད་འདུན་ཞིག་ཐོབ་ཚེ་ད་གཟོད་ཁྱེད་རང་ནང་པ་སངས་རྒྱས་པ་དངོས་གནས་ཤིག་ཏུ་གྱུར་པ་ཡིན།
ག༽
འཇིག་རྟེན་དུ་སྐྱེས་ཤིང་བདེ་སྡུག་གི་ཚོར་བ་མྱོང་བའི་སྲོག་ལྡན་ཡོད་ཚད་གང་ཞིག་ཐོབ་རེ་མ་ཉམས་པར་ཉིན་མཚན་གྱི་སྐར་ཆ་ཡོད་ཚད་ལ་ལུས་སེམས་གང་རུང་གི་འདུལ་རྒྱུག་མ་ཆད་པར་ཚོལ་བསྙེགས་ལ་གཞོལ་བཞིན་ཡོད། ཁྱེད་ཀྱིས་སོམས་དང༌། ཁོང་ཚོས་ཅི་ཞིག་གི་མཛེས་སྡུག་འཚོལ་བཞིན་ཡོད་དམ། རེད། ཁོང་ཚོས་འཚོལ་བཞིན་པ་ནི་བདེ་བ་ཡིན་ཞིང་དེ་ནི་སུ་ལ་ཡང་མཁོ་བའི་ནོར་མཆོག་ཅིག་རེད། བསམ་བློའི་རྨང་གཞི་འདི་གཞི་རྩར་བཟུང་ནས་བལྟས་ན། རང་བྱུང་ཁམས་ཆེན་མོའི་སྐྱེ་འགྲོ་ཡོད་དོ་ཅོག་གིས་ལས་བྱ་ཐམས་ཅད་བདེ་བ་འཐོབ་དོན་དུ་བརྩམས་ཤིང་བསྒྲུབས་པ་ཁོ་ནར་ཟད། དེས་ན་གང་ཞིག་གིས་བདེ་བ་སྐྲུན་ཞིང་དེ་ཉིད་ཇི་ལྟར་འཐོབ་པར་བྱེད་པའི་ཐབས་ཚུལ་སྟོན་པ་ནི་ཆོས་ཀྱི་སྤྱན་རས་མངའ་བའི་སྟོན་པ་ཚད་མ་དང་དེ་དག་གིས་བྱས་པའི་བསྟན་བཅོས་རྣམས་ཡིན། ཁྱོད་ཀྱང་བདེ་བའི་ཆེད་དུ་བརྩོན་ཞིང་བདེ་བ་ལ་དགའ་མོས་བྱེད་མཁན་ཞིག་ཡིན་ཚེ་ཁྱེད་ཀྱིས་ནང་བསྟན་རིག་གཞུང་ལ་ངེས་པར་དོ་སྣང་བྱེད་འོས།
ང༽
ཁྱེད་ཉིད་ཐོག་མར་འཇིག་རྟེན་འདིར་འོང་དུས། ཁྱེད་ཀྱི་རྣ་ལམ་དུ་ཆོས་ལུགས་དུག་དང་ཡར་རྒྱས་ཀྱི་བཀག་རྡོར་བརྗོད་པའི་འཛེར་སྐད་ཡོད་སྲིད་ལ་དེ་ལས་ལྡོག་སྟེ་སྤྱི་ཕན་གྱི་སྨན་དང་བཟང་སྤྱོད་སྤེལ་བའི་གྲོགས་སུ་གླེང་བའང་ཡོད་སྲིད། གང་ལྟར་དེ་ནི་གལ་ཆེ་བའི་གནད་དོན་ཞིག་མིན་པར་ཁྱེད་ཉིད་ནར་སོན་ཞིང་བློ་གྲོས་ཀྱི་རྩལ་ཤུགས་རྒྱས་སྐབས་དཔྱོད་ཤེས་ཀྱི་བསམ་བློས་ལེགས་ཉེས་འབྱེད་རྒྱུ་ནི་ཁྱེད་ལ་འཁྲི་བའི་གོམ་སྟབས་དང་པོ་ཡིན། བརྟག་དཔྱད་ཀྱི་བརྒྱུད་རིམ་ནས་ཁྱེད་ཀྱིས་ནང་ཆོས་ཀྱི་བྲོ་བ་ངོ་མ་དེ་མྱོང་ཐུབ་པ་ལས་ཟེར་རྗེས་སུ་འབྲང་བ་ཙམ་དང་ཆོས་ཀྱི་དགོངས་དོན་དང་མི་མཐུན་ཞིང་རྒྱུན་འཇགས་སུ་སོང་བའི་སྲོལ་རྙིང་འགའ་ཞིག་ཆོས་ཀྱི་སྙིང་དོན་དུ་བསམས་ནས་ངན་སྨྲས་དང་སྒྲོ་འདོགས་ཀྱི་ཐན་སྐད་སྒྲོག་པ་ནི་ཆོས་ལུགས་རང་སྟེང་གི་སྐྱོན་ཆ་མིན་པར་དེ་སྐད་སྨྲ་བ་པོའི་སེམས་རྒྱུད་ལ་ལོག་རྟོག་གི་དྲི་ངན་འབྱམས་པས་ངན་འབྲས་ཡིན་པ་ངེས་པར་ཤེས་དགོས།
ཅ༽
ན་གཞོན་ཚོ། ཁྱེད་ཀྱིས་ཐོག་མར་སློབ་ཆུང་གི་སྒོ་ཐེམ་ནས་ཤེས་རིག་གི་གཞི་རྐང་འཛུགས་དགོས། དུས་རབས་དང་འཚམ་པའི་ཚན་རིག་ལག་རྩལ། བོད་ཡིག་དང༌། དབྱིན་ཡིག །ཨང་རྩིས། སྤྱི་ཚོགས་རིག་གནས། དཔལ་འབྱོར་ཡར་ཐོན་ལ་ཕན་པའི་ཚོང་ལས་རིག་པ། འཕྲུལ་ཆས་རིག་པ་སོགས་གྲངས་ལས་འདས་པའི་སྦྱང་བྱ་སྣ་ཚོགས་ཡོད། འདི་དག་རེ་རེ་བཞིན་སྦྱངས་ཏེ་སྔར་གྱི་ཚོལ་བསྙེགས་ལ་ཕྱིར་མིག་བལྟ་སྐབས། ཁྱེད་ཀྱིས་འཚོལ་བཞིན་པའི་བདེ་བ་དེ་ད་དུང་ཐོབ་མེད། ཁྱོད་ཀྱིས་སོམས་དང༌། རིག་གནས་སྣ་ཚོགས་ཀྱིས་གཏམས་པའི་ཁྱོད་ཀྱི་སེམས་ཁུང་ན། ཅི་ཞིག་མ་ཐོབ་པའི་སྡུག་བསྔལ། གང་ཞིག་ཤོར་དྭོགས་ཀྱི་སྡུག་བསྔལ། གཅིག་ལ་དགའ་ཞིང་གཞན་ལ་སྡང་བའི་རྙོག་འཛིངས་ཀྱི་སྡུག་བསྔལ། འདི་དག་ཕན་ཚུན་འགྲན་པ་ལྟར་ཁྱོད་ཀྱི་སེམས་རྒྱུད་ལ་འབྱམས་ཤིང་གནས་མི་འདུག་གམ། དེས་ན་ཁྱེད་ཀྱིས་བདེ་བའི་ཆེད་དུ་ཐབས་ལམ་གཉིས་པ་ཞིག་ཚོལ་དགོས། དེ་ནི་ནང་ཆོས་ལ་ཐོས་བསམ་བྱས་ཏེ་འདོད་ཆུང་ཆོག་ཤེས་དང་བྱམས་བརྩེའི་བཟང་སྤྱོད་སེམས་སྟེང་དུ་ཐིམ་པ་བྱེད་རྒྱུ་དེ་ཡིན།
ཆ༽
ཁྱེད་རང་གོ་ལོག་དང་ལོག་རྟོག་གི་འདམ་རྫོབ་ཏུ་ལྷུང་སྲིད། དེ་ནི་ཁྱེད་རང་གཟུར་གནས་ཀྱི་རང་ཚུགས་མེད་ཅིང་ལོག་ལམ་ན་འཕག་འཚག་གི་ང་རོ་སྒྲོག་བཞིན་པའི་སྐྱེ་བོ་ཚོའི་སླུ་བྲིད་ལ་ཡིད་གཏོད་ཆེ་བས་ལན། ལེགས་པར་ཉོན་དང༌། ནང་ཆོས་ཀྱིས་ཁྱེད་རང་འཇིག་རྟེན་གྱི་ལས་བྱ་གཉེར་མི་ཆོག་ཟེར་གྱི་མེད་ལ་འཇིག་རྟེན་གྱི་འདོད་ཡོན་ཡོད་ཚད་བློས་གཏོང་དགོས་དེ་བས་ཀྱང་ག་ལ་ཟེར། ནང་ཆོས་ཀྱིས་ཁྱེད་ལ་ཚད་ལས་བརྒལ་བའི་འདོད་རྔམ་དང་རང་འཛིན་གཞན་དོར་གྱི་འདུ་ཤེས་ཁོ་ནར་ཡིད་གཏོད་མ་བྱེད་ཅེས་དང༌། གཞན་ཕན་དང་ལྷག་བསམ་སྐྱེད་ཅིག་ཅིའི་ཕྱིར་ཞེ་ན་རང་ཉིད་ཀྱིས་དགའ་སྣང་དང་བདེ་བ་ཐོབ་འདོད་རྒྱུད་མར་འབྱུང་ཞིང་དེ་འདི་ཉིད་ལས་བྱུང་ངོ༌། །འདི་ནི་ཁྱེད་ལ་ནང་ཆོས་ཀྱིས་གནང་བའི་བསླབ་བྱ་ཡིན། རྡུལ་ཕྲན་དུས་རབས། ཆ་འཕྲིན་དུས་རབས། དེང་རབས་ཅན་སོགས་སོགས་ཇི་ལྟར་བསྟོད་བསྔགས་ཀྱི་ཡུལ་དུ་གྱུར་ཀྱང༌། དེས་ཁུ་སིམ་གྱི་བདེ་སྣང་དང་ལྷིང་འཇགས་ཀྱི་འཚོ་བས་མཚོན་པའི་ནང་སེམས་ཀྱི་ཞི་བདེ་ནམ་ཡང་ཁྱེད་ལ་མཁོ་སྤྲོད་བྱེད་མི་ནུས། དཔལ་འབྱོར་ཡར་རྒྱས་དང་བསམ་བློ་ཡར་རྒྱས་གཉིས་དྲང་ལྡོག་ཏུ་བཟུང་སྟེ་ཕྱི་ཤུན་སྟོང་པ་ཞིག་གི་ཆེད་དུ་འགུལ་སྤྱོད་བརྩོན་པ་ནི་རང་གི་ཤེས་ཚད་ནུས་ཤུགས་ཀྱི་ཉེས་ཕྱོགས་ཡིན་པ་ཤེས་གལ་ཆེའོ།།

2009-06-29

གྲུབ་མཐའི་རྣམ་གཞག་མདོར་བསྡུས་གཞོན་ནུའི་རེ་སྐོང༌།


ཇི་སྐད་དུ། སངས་རྒྱས་བཅོམ་ལྡན་འདས་ཀྱི་ལུང་ལས།
ང་ཡི་ཆོས་ཚུལ་རྣམ་གཉིས་ཏེ།།
བསྟན་པ་དང་ནི་གྲུབ་མཐའ་འོ།།
བྱིས་པ་རྣམས་ལ་བསྟན་པ་བཤད།།
རྣལ་འབྱོར་པ་ལ་གྲུབ་མཐའ་འོ།།
ཞེས་གསུངས་པ་ལྟར། གཞུང་ལུགས་ལ་སྦྱངས་པ་དག་གིས་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་རང་གི་བློ་ཡུལ་དུ་གྲུབ་པའི་ཚུལ་ལུང་རིགས་གང་རུང་ལ་བརྟེན་ནས་སྨྲ་བར་བྱེད་ཅིང་དེ་ལས་གཞན་དུ་མ་འདོད་པར་མཐའ་དེ་ཙམ་དུ་འདོད་པའི་ཁས་ལེན་གྱི་ཚུལ་ལུགས་ཞིག་ལ་གྲུབ་མཐའ་ཞེས་བརྗོད་དོ།།
སྤྱིར་གྲུབ་མཐའ་ལ་ཕྱེ་ན་ནང་པའི་གྲུབ་མཐའ་དང་ནང་པ་མིན་པའི་གྲུབ་མཐའ་གཉིས་ཡོད། དེ་ལ་ཐོག་མར་ནང་པ་ཞེས་པ་ནི་བྱུང་ན་སྙིང་ཐག་པ་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ཞིག་དགོས་ཤིང༌། ཅི་སྟེ་མ་མཐའ་ཡང་ནང་པ་སངས་རྒྱས་པའི་གྲལ་དུ་ཚུད་པ་ལ་དཀོན་མཆོག་གསུམ་སྐྱབས་གནས་ཡང་དག་ཏུ་ཁས་ལེན་པ་ཞིག་དགོས། དེ་ཡང་བསྟན་པ་འདིའི་དབང་དུ་བྱས་ན་སྔོན་རྒྱལ་པོ་ཟས་གཙང་གི་སྲས་དོན་གྲུབ་བྱ་བ་འཇིག་རྟེན་ཕལ་པའི་སྣང་ཚུལ་ལ་དགུང་ལོ་ཉི་ཤུ་རྩ་དགུ་ནས་རྒྱལ་སྲིད་སྤངས་ནས་རབ་ཏུ་བྱུང་སྟེ། ནགས་སུ་ལོ་དྲུག་གི་རིང་དཀའ་བ་སྤྱད་པས། མཐར་སངས་རྒྱས་ཞིང༌། ཆོས་འཁོར་བསྐོར་བ་ནས་ནང་པ་ཞེས་པ་བྱུང་བ་ཡིན།
ནང་ཆོས་ཞེས་པ་ནི་སློབ་དཔོན་དབྱིག་གཉེན་གྱིས།
སྟོན་པའི་དམ་ཆོས་རྣམ་གཉིས་ཏེ།།
ལུང་དང་རྟོགས་པའི་བདག་ཉིད་དོ།།
ཞེས་གསུངས་པ་བཞིན། སྟོན་པས་གསུངས་པའི་གསུང་རབ་སྡེ་སྣོད་གསུམ་སོགས་སངས་རྒྱས་པའི་ལུང་དང༌། ལྷག་པའི་བསླབ་པ་གསུམ་གྱིས་བསྡུས་པའི་རྟོགས་པའི་ཡོན་ཏན་ལ་གོ་དགོས་པ་ཡིན། ཡང་ནང་པའི་ཁྱད་ཆོས་ནི་གསུམ་དུ་ཡོད་དེ།
༡ སྟོན་པ་སྐྱོན་ཅི་ཡང་མེད་ཅིང་ཡོན་ཏན་ཐམས་ཅད་ཡོད་པ།
༢ བསྟན་པ་སེམས་ཅན་འབུ་སྲིན་ལྟ་བུ་སུ་ལ་འཚེ་བ་མེད་པ།
༣ ལྟ་བ་རྟག་གཅིག་རང་དབང་ཅན་གྱི་བདག་མེད་པར་འདོད་པའོ།།
དེ་ལ་འདིར་ཉེ་བར་འཁོ་བ་ནང་པའི་གྲུབ་མཐའ་བརྗོད་པར་འདོད་པས་དེ་ལ་ཕྱེ་ན་བཞི། ༡ བྱེ་བྲག་སྨྲ་བ། ༢ མདོ་སྡེ་པ། ༣ སེམས་ཙམ་པ། ༤ དབུ་མ་པའོ།།
བྱེ་བྲག་སྨྲ་བ།


དང་པོ་བྱེ་བྲག་ཏུ་སྨྲ་བའི་གྲུབ་མཐའ་བཤད་པ་ལ་ལྔ་ལས།
༡ བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་ནི། དགྲ་བཅོམ་པ་གང་བུ་དང༌། སློབ་དཔོན་དབྱིག་བཤེས་དང༌། ཆོས་སྐྱོབ་དང༌། སངས་རྒྱས་ལྷ་དང༌། དབྱངས་སྒྲོག་དང༌། ཉེར་སྦས་འདུས་བཟང་སོགས་སོ།།
༢ བྱེ་བྲག་ཏུ་སྨྲ་བའི་གཞུང་ནི། མངོན་པ་སྡེ་བདུན། བྱེ་བྲག་བཤད་མཛོད་ཆེན་པོ་སོགས་སོ།།
༣ བྱེ་བྲག་ཏུ་སྨྲ་བའི་ངོ་བོ་དང་འབྲེལ་བའི་འདོད་ཚུལ་ནི། ཤེས་པ་རང་གི་བདག་ཉིད་དུ་གྱུར་པའི་གཟུང་རྣམ་རིག་པའི་ཆ་སྟེ་རང་རིག་ཞེས་པ་དེ་ཁས་མ་བླངས་ཤིང༌། རྡུལ་ཕྲན་ཆ་མེད་བསགས་པའི་ཕྱི་དོན་བདེན་པར་གྲུབ་པ་ཁས་ལེན་པའི་ནང་པའི་གྲུབ་མཐའ་སྨྲ་བ་ཞིག་ལ་བྱེ་བྲག་ཏུ་སྨྲ་བར་འདོད། བྱེ་བྲག་ཏུ་སྨྲ་བས་བློ་ལ་ཡུལ་གྱི་རྣམ་པ་ཤར་བ་མེད་པས། དེ་མྱོང་བའི་རང་རིག་ཟེར་བ་དེ་མི་འདོད་ཅིང༌། འོན་ཀྱང་ཕྱི་དོན་དང་བདེན་གྲུབ་འདོད་དོ། །ཡང་དེས་ཡོད་པ་དང་དངོས་པོ་དོན་གཅིག་པ་དང༌། དུས་གསུམ་རྫས་སུ་གྲུབ་པ་སོགས་འདོད་ཅིང༌། དུས་གསུམ་རྫས་གྲུབ་ཏུ་འདོད་པའི་ཚུལ་ནི། གཞི་བུམ་པ་ལྟ་བུ་དེ། བུམ་པའི་འདས་པའི་དུས་སུ་ཡང་ཡོད། བུམ་པའི་མ་འོངས་པའི་དུས་སུའང་ཡོད་པར་འདོད་པའོ། །བརྗོད་མ་ཐག་པ་དེ་ཙམ་དུ་མ་ཟད་པའི་བྱེ་བྲག་སྨྲ་བའི་འདོད་ཚུལ་ཐུན་མོང་མིན་པ་མང་པོ་ཞིག་ཡོད་པ་ཡང་ཤེས་དགོས་སོ།།
༤ བྱེ་བྲག་ཏུ་སྨྲ་བའི་དབྱེ་བ་ནི།
ཁ་ཆེ་བ་དང༌། ཉི་འོག་པ་དང༌། ཡུལ་དབུས་ཀྱི་བྱེ་བྲག་སྨྲ་བ་དང་གསུམ། ཡང་ན། ཁ་ཆེ་བ་དང༌། ནུབ་ཕྱོགས་པ་དང༌། ཉི་འོག་པ་གསུམ་སྟེ། རིམ་བཞིན་ཁ་ཆེ་བའི་ཡུལ་ན་གནས་པ་དང༌། དེ་དག་གི་ནུབ་ན་གནས་པ་དང༌། དེ་དག་ལས་གཞན་ན་གནས་པ་རྣམས་ལ་བརྗོད་དོ།།
༥ བྱེ་བྲག་སྨྲ་བའི་སྒྲ་བཤད་ནི། བསྟན་བཅོས་བྱེ་བྲག་བཤད་མཛོད་ཆེན་མོའི་རྗེས་སུ་འབྲངས་ནས་གྲུབ་མཐའ་སྨྲ་བའམ། དུས་གསུམ་རྫས་ཀྱི་བྱེ་བྲག་ཏུ་སྨྲ་བས་ན་བྱེ་བྲག་ཏུ་སྨྲ་བ་ཞེས་འདོགས་སོ།།


མདོ་སྡེ་པ།

གཉིས་པ་མདོ་སྡེ་པའི་གྲུབ་མཐའ་བཤད་པ་ལ་ཡང་ལྔ་ལས།
༡ མདོ་སྡེ་པའི་སློབ་དཔོན་ནི། སློབ་དཔོན་ཀུ་མ་ར་ཏ། ཤི་རི་ར་ཏ། བཙུན་པ་ར་ཏ་སོགས་སོ།།
༢ མདོ་སྡེ་པའི་གཞུང་ནི། མདོ་སྡེ་པའི་གྲུབ་མཐའ་རང་དགའ་བ་སྟོན་པའི་གཞུང་བོད་དུ་བསྒྱུར་བ་མེད་ཅིང༌། འདོད་པ་ཕལ་ཆེར་ནི་མཛོད་རང་འགྲེལ་འགྲེལ་བཤད་དང་བཅས་པ་དང༌། མངོན་པ་ཀུན་བཏུས་རྩ་འགྲེལ་དང༌། ཚད་མ་སྡེ་བདུན་སོགས་སུ་བྱུང་ངོ༌།།
༣ མདོ་སྡེ་པའི་ངོ་བོ་དང་འབྲེལ་བའི་འདོད་ཚུལ་ནི། བྱེ་བྲག་ཏུ་སྨྲ་བ་དང་མི་འདྲ་བར་རང་རིག་ཞེས་པ་དེ་ཁས་ལེན་ཅིང་ཡང་ཕྱི་དོན་བདེན་གྲུབ་ཏུ་ཁས་ལེན་པའི་གྲུབ་མཐའ་སྨྲ་བ་ཞིག་ལ་མདོ་སྡེ་པར་འདོད་དོ། །དེ་ཡང་རང་རིག་མེད་ན། ཕྱིས་སུ་ངས་སྔོན་པོ་མཐོང་ངོ་སྙམ་པ་དང༌། སྔོན་པོ་འདི་མཐོང་ངོ་སྙམ་པའི་དྲན་ཚུལ་གཉིས་མི་འབྱུང་བར་འགྱུར་ཏེ། མ་མྱོང་བ་ལ་དྲན་པ་སྐྱེ་བ་མེད་པས་སྔོན་འཛིན་ཤེས་པ་མ་མཐོང་བ་ལ། དེས་སྔོན་པོ་མཐོང་བ་དྲན་པ་མི་སྲིད་པའི་ཕྱིར་སྙམ་པའོ། །དེ་བཞིན་དུ་མངོན་སུམ་གྱི་སྣང་ཡུལ་ལ་དངོས་པོ་ཡིན་པས་ཁྱབ་པ་དང༌། འདུས་བྱས་ལ་དོན་དམ་བདེན་པས་ཁྱབ་པ་དང་འདུས་མ་བྱས་ལ་ཀུན་རྫོབ་ཀྱི་བདེན་པ་ཡིན་པས་ཁྱབ་པ་སོགས་འདོད་དོ། །ཡང་མདོ་སྡེ་པ་ཡན་ཆད་ཀྱིས་དུས་གསུམ་རྫས་སུ་མ་གྲུབ་པར་འདོད་དེ་བུམ་པ་ལྟ་བུ་རང་གྲུབ་པའི་དུས་གཉིས་པར་ཞིག་པའི་ཆ་དེ་དེའི་འདས་པ་དང་དེ་དངོས་པོ་དེའི་ཕྱིར་ལོགས་སུ་བྱུང་བར་འདོད་པའི་ཕྱིར།
༤ མདོ་སྡེ་པའི་དབྱེ་བ་ནི། མདོ་སྡེ་པ་ལ་ལུང་གི་རྗེས་འབྲངས་ཀྱི་མདོ་སྡེ་པ་དང༌། རིགས་པའི་རྗེས་འབྲངས་ཀྱི་མདོ་སྡེ་པ་གཉིས་སུ་དབྱེར་ཡོད་དེ། མདོ་སྡེ་ལས་ཇི་ལྟར་བྱུང་བ་བཞིན་སྒྲ་ཇི་བཞིན་དུ་ཁས་བླངས་པའི་སྒོ་ནས་ལུང་གི་རྗེས་སུ་འབྲངས་ནས་གྲུབ་མཐའ་འཆད་པ་དང༌། ཚད་མ་སྡེ་བདུན་ནས་བཤད་པ་བཞིན་གྱི་རིགས་པའི་རྗེས་སུ་འབྲངས་ནས་དེ་ལྟར་འཆད་པ་གཉིས་ཡོད་པའི་ཕྱིར།།
༥ མདོ་སྡེ་པའི་སྒྲ་བཤད་ནི། བྱེ་བྲག་ཏུ་བཤད་པའི་རྗེས་སུ་མ་འབྲངས་བར་གཙོ་བོར་བཅོམ་ལྡན་འདས་ཀྱི་མདོ་སྡེ་ལ་བརྟེན་ནས་གྲུབ་མཐའ་སྨྲ་བས་ན་མདོ་སྡེ་པ་དང༌། ཆོས་རྣམས་དཔེའི་སྒོ་ནས་སྟོན་པ་ལ་མཁས་པས་དཔེ་སྟོན་པ་སྟེ་དེ་གཉིས་མིང་གི་རྣམ་གྲངས་སོ། །བྱེ་བྲག་སྨྲ་བ་དང་མདོ་སྡེ་པའི་གྲུབ་མཐའ་སྨྲ་བ་ལ་དོན་སྨྲ་གཉིས་ཞེས་འབྱུང་ཞིང་གྲུབ་མཐའ་དེ་གཉིས་ལ་ཐེག་དམན་གྱི་གྲུབ་མཐའ་ཞེས་ཀྱང་བརྗོད་དོ། །གྲུབ་མཐའ་དེ་གཉིས་ཀྱི་ལུགས་ལ། ཐེག་ཆེན་ཐེག་དམན་གྱི་ཐ་སྙད་མེད་ཅིང་ཆོས་ཀྱི་བདག་མེད་ཅེས་པ་གང་ལ་དམིགས་ནས་བསྒོམས་པས་སྒྲིབ་པ་མཐའ་དག་སྤོང་བར་གྱུར་པ་ཞིག་ཡོད་པ་མི་འདོད་དོ།།

སེམས་ཙམ་པ།

གསུམ་པ་སེམས་ཙམ་པའི་གྲུབ་མཐའ་ལ་ཡང་ལྔ་ལས།
༡ སེམས་ཙམ་པའི་སློབ་དཔོན་ནི། འཕགས་པ་ཐོགས་མེད་ནི་སེམས་ཙམ་པའི་ཤིང་རྟའི་སྲོལ་འབྱེད་ཡིན་ལ། དེའི་རྗེས་སུ་འབྲངས་བ་དེའི་སྐུ་མཆེད་དབྱིག་གཉེན། གནས་བརྟན་ཆོས་སྐྱོང༌། བློ་བརྟན། ཕྱོགས་གླང༌། ཆོས་གྲགས། བླ་མ་གསེར་གླིང་པ། ཤན་ཏི་པ་སོགས་སོ།
༢ སེམས་ཙམ་པའི་གཞུང་ནི། མདོ་སྡེ་རྒྱན། འབྱེད་རྣམ་གཉིས། ས་སྡེ་ལྔ༌། སྡོམ་གཉིས། རྣམ་བཤད་རིགས་པ། རྟེན་འབྲེལ་མདོ་འགྲེལ། ཚད་མ་ཀུན་བཏུས་རྩ་འགྲེལ། དམིགས་བརྟག་རྩ་འགྲེལ། ཚད་མ་སྡེ་བདུན་སོགས་སོ།
༣ སེམས་ཙམ་པའི་ངོ་བོ་དང་འབྲེལ་བའི་འདོད་ཚུལ་ནི། ཕྱི་དོན་ཁས་མི་ལེན་ཅིང་གཞན་དབང་ཡོངས་གྲུབ་བདེན་གྲུབ་ཏུ་ཁས་ལེན་པའི་ནང་པའི་གྲུབ་མཐའ་སྨྲ་བ་ཞིག་ལ་སེམས་ཙམ་པར་བྱས་སོ། །དེ་དག་གིས་ཕྱི་དོན་མེད་དེ། ཤེས་བྱ་ཡིན་ན་བག་ཆགས་སད་སྟོབས་ཀྱིས་གྲུབ་དགོས་ཤིང༌། ནང་གི་བག་ཆགས་སད་པ་ལ་མ་ལྟོས་པར་ཕྱི་རོལ་ཡུལ་གྱི་སྟེང་དུ་རྡུལ་ཕྲན་ཆ་མེད་གཅིག་གི་རྩོམ་གཞི་བྱས་པ་ལས་ཕྱི་དོན་གོང་བུ་གྲུབ་པ་མེད་དེ། ཆོས་ཐམས་ཅད་ཤེས་པའི་བདག་ཉིད་ཙམ་དུ་གྲུབ་པའི་ཕྱིར་སྙམ་པའོ། །དེ་ཡང་གཙོ་བོ་སངས་རྒྱས་ཀྱི་གསུང་མདོ་སྡེ་དགོངས་འགྲེལ་སྒྲ་ཇི་བཞིན་པར་ཁས་ལེན་པ་ལས་ཡིན་ནོ། །ཡང་དེས། ཆོས་ཐམས་ཅད་ཀུན་བཏགས། གཞན་དབང༌། ཡོངས་གྲུབ་ཅེས་བྱ་བའི་ཆོས་གསུམ་དུ་བསྡུས་པར་འདོད་དེ། རྟོག་པས་བཏགས་པ་ཙམ་དུ་གྲུབ་པ་རྣམས་ཀུན་བཏགས། དེར་མ་གྲུབ་ཞིང་རང་གི་རྒྱུ་རྐྱེན་ལས་སྐྱེས་པ་གཞན་དབང༌། དེ་གཉིས་གང་ཡང་མིན་པའི་ཡོད་པ་ལ་ཡོངས་གྲུབ་ཏུ་འདོད་ཅིང༌། ཐ་མ་དེ། འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱི་དམིགས་པ་མཐར་ཐུག་ཏུ་འདོད་དོ། །དེ་དང་དེ་བཞིན་ཉིད་ཆོས་ཉིད་ཅེས་པ་རྣམས་དོན་གཅིག དེས་གཟུགས་ཕྱི་རོལ་དོན་དུ་མ་གྲུབ་པ་བསྒོམ་པ་ལས་སྒྲིབ་པ་གཉིས་ཀ་དང༌། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པ་བསྒོམ་པ་ལས་ཉོན་སྒྲིབ་སྤོང་བར་བཞེད་དོ།།
༤ སེམས་ཙམ་པའི་དབྱེ་བ་ནི། སེམས་ཙམ་པ་ལ། སེམས་ཙམ་རྣམ་བདེན་པ་དང་རྣམ་རྫུན་པ་གཉིས་སུ་དབྱེར་ཡོད་དེ། སྔ་མས་སྔོ་འཛིན་མིག་ཤེས་སྔོན་པོ་སྔོན་པོར་སྣང་བ་ལ་མ་འཁྲུལ་བ་དང༌། ཕྱི་མས་འཁྲུལ་བར་འདོད། ཡང་དེ་ལ་དབྱེ་ན་གཉིས། ལུང་གི་རྗེས་འབྲངས་སེམས་ཙམ་པ་དང༌། རིགས་པའི་རྗེས་འབྲངས་ཀྱི་སེམས་ཙམ་པ་གཉིས། དང་པོ་ས་སྡེ་ལྔའི་རྗེས་སུ་འབྲངས་ནས་རྣམ་པར་ཤེས་པ་ཚོགས་བརྒྱད་དུ་འདོད་ནས་ཀུན་གཞི་དང་ཉོན་ཡིད་ཞལ་གྱིས་བཞེས། ཕྱི་མས་ཚད་མ་སྡེ་བདུན་གྱི་རྗེས་སུ་འབྲངས་ནས་རྣམ་པར་ཤེས་པ་གྲངས་དྲུག་ཙམ་དུ་འདོད་ཅིང༌། གང་ཟག་གི་མཚན་གཞི་ཀུན་གཞི་མ་བཞག་པར་ཡིད་ཀྱི་རྣམ་པར་ཤེས་པ་ལ་བཞག་གོ།
༥ སེམས་ཙམ་པའི་སྒྲ་བཤད་ནི། ཆོས་ཐམས་ཅད་སེམས་ཀྱི་བདག་ཉིད་ཙམ་དུ་སྨྲ་བས་ན་སེམས་ཙམ་པའམ་རྣམ་རིག་པ་དང༌། རྣལ་འབྱོར་པའི་གཞིའི་སྒོ་ནས་ལམ་གྱི་སྤྱོད་པ་ཉམས་ལེན་གཏན་ལ་འབེབས་པས་རྣལ་འབྱོར་སྤྱོད་པ་བ་ཞེས་གྲགས་སོ། །དེ་རྣམས་དོན་གཅིག།

དབུ་མ་པ།

བཞི་པ་དབུ་མ་པའི་གྲུབ་མཐའ་ལ་ཡང་སྔར་བཞིན་ལྔ།
༡ དབུ་མ་པའི་སློབ་དཔོན་ནི། མགོན་པོ་ཀླུ་གྲུབ་ནི་དབུ་མ་པའི་ཤིང་རྟའི་སྲོལ་འབྱེད་པ་པོ་ཡིན་ལ་དེའི་རྗེས་སུ་འབྲངས་པ། འཕགས་པ་ལྷ། ལེགས་ལྡན་འབྱེད། སངས་རྒྱས་བསྐྱངས། ཞི་བ་མཚོ། ཟླ་བ་གྲགས་པ། ཞི་བ་ལྷ། དཔའ་བོ། ཀླུ་བྱང༌། འཕགས་པ་གྲོལ་སྡེ། སེངྒེ་བཟང་པོ་སོགས་ཆེས་མང་དུ་བྱུང་ངོ༌།།
༢ དབུ་མ་པའི་གཞུང་ནི། རིགས་ཚོགས་དྲུག བཞི་བརྒྱ་པ། འགྲེལ་པ་སངས་རྒྱས་བསྐྱངས། ཤེས་རབ་སྒྲོན་མ། དབུ་མ་སྙིང་པོ་རྩ་འགྲེལ། བདེན་གཉིས་རྩ་འགྲེལ། ཚིག་གསལ། འཇུག་པ་རྩ་འགྲེལ། བསླབ་བཏུས། སྤྱོད་འཇུག དབུ་མ་རྒྱན། ཉི་སྣང༌། རྒྱན་སྣང་སོགས་སོ།
༣ དབུ་མ་པའི་ངོ་བོ་དང་འབྲེལ་བའི་འདོད་ཚུལ་ནི། བདེན་པར་གྲུབ་པའི་ཆོས་རྡུལ་ཙམ་ཡང་མེད་པར་ཁས་ལེན་པའི་ནང་པའི་གྲུབ་མཐའ་སྨྲ་བ་ཞིག་ལ་དབུ་མ་པར་འདོད། དེ་ཡང་མགོན་པོ་ཀླུ་སྒྲུབ་ཀྱིས་དབུ་མ་རྩ་བ་སོགས་སུ་བརྟེན་ནས་འབྱུང་བ་ལ་སོགས་པའི་རིགས་པའི་སྒོ་དུ་མ་ནས་ཆོས་ཐམས་ཅད་བདེན་མེད་དུ་སྒྲུབ་པ་ལས་ཡིན་ཏེ་འདིའི་ལུགས་ལ་བདེན་པར་གྲུབ་ན་རྒྱུ་འབྲས་ལ་སོགས་པའི་རྣམ་གཞག་ཐམས་ཅད་འཆོལ་བར་འགྱུར་བའི་ཕྱིར།
༤ དབུ་མ་པའི་དབྱེ་བ་ནི། སྤྱིར་དབུ་མ་པའི་གྲུབ་མཐའ་སྨྲ་བ་ལ་དབྱེ་ན། རང་རྒྱུད་པ་དང༌། ཐལ་འགྱུར་བ་གཉིས། དབུ་མ་པ་གང་ཞིག རང་རྒྱུད་ཀྱི་རྟགས་ཁས་ལེན་པ་དང་པོ་དང༌། དེ་ཁས་མ་བླངས་པར་ཐལ་འགྱུར་ལས་བསྒྲུབ་བྱ་འཇལ་བར་འདོད་པ་ཕྱི་མའོ། །ཡང་ན། རང་མཚན་ཁས་ལེན་པ་དང་མི་ལེན་པའོ། རང་རྒྱུད་པ་ལ་ཡང་དབྱེ་ན། རྣལ་འབྱོར་སྤྱོད་པའི་རང་རྒྱུད་པ་དང༌། མདོ་སྡེ་སྤྱོད་པའི་རང་རྒྱུད་པ་གཉིས། ཕྱི་དོན་ཁས་མི་ལེན་ཅིང་རང་རིག་ཁས་ལེན་པ་དེ་དང་པོ་དང༌། དེ་ལས་ལྡོག་ཏེ་ཕྱི་དོན་ཁས་ལེན་ཅིང་རང་རིག་ཁས་མི་ལེན་པ་ཕྱི་མ་ཡིན་པའི་ཕྱིར། རྣལ་འབྱོར་སྤྱོད་པའི་རང་རྒྱུད་པ་ལ་ཡང་གཉིས། རྣམ་བདེན་པ་དང་མཐུན་པ་དང༌། རྣམ་རྫུན་པ་དང་མཐུན་པའོ། །དཔེར་ན། ཞི་མཚོ་དཔོན་སློབ། འཕགས་པ་གྲོལ་སྡེ་ལྟ་བུ་དང་པོ་དང༌། སློབ་དཔོན་སེངྒེ་བཟང་པོ་ལྟ་བུ་གཉིས་པ་ཡིན་པའི་ཕྱིར།
༥ དབུ་མ་པའི་སྒྲ་བཤད་ནི། རྟག་ཆད་ཀྱི་མཐའ་དང་བྲལ་བའི་དབུས་ཁས་ལེན་པས་ན་དབུ་མ་པ་དང༌། བདེན་གྲུབ་ཀྱི་ངོ་བོ་རྡུལ་ཙམ་ཡང་མེད་པར་སྨྲ་བས་ན་ངོ་བོ་ཉིད་མེད་པར་སྨྲ་བའོ། །ཡང་ན། དབུ་མ་རྩ་བའི་རྗེས་སུ་འབྲངས་ནས་སྨྲ་བས་ན་དབུ་མ་པའོ།།


གྲུབ་མཐའི་རྣམ་གཞག་གཞོན་ནུའི་རེ་སྐོང་དེ།།
གངས་ཅན་བོད་ཀྱི་གཞོན་ནུར་ཕན་པའི་ཕྱིར།།
གཞུང་ལུགས་རྒྱ་མཚོར་བྱིང་བའི་བློ་དམན་པ།།
དགེ་སློང་བསྟན་ཕུན་དཔལ་གྱིས་བྲིས་པ་དགེ།
༢༠༠༩ལོར་བྲིས།

ར་ས་བསྟན་ཕུན་དཔལ་གྱིས།


2009-06-28

དྲི་བ།

དབུ་མ་ཐལ་འགྱུར་བ་དང་རང་རྒྱུད་པའི་ཁྱད་པར་གང་རེད་དམ།

འཚོལ་ས།

དྲི་བ་འཇོག་ས།

HTML Comment Box is loading comments...

སྦྱར་བྱང་སྤེལ་ཚུལ།

༡ ཁྱེད་ཀྱིས་སྐྱ་རེངས་ཟིན་བྲིས་པ་གནང་བློ་ཡོད་ན་གཤམ་གསལ་ཁ་བྱང་ཐོག་སྐྱ་རེངས་ཟིན་བྲིས་སམ་ནང་ཆོས་གླེང་སྟེགས་གང་རུང་ངམ་གཉིས་ཀར་ཟིན་བྲིས་པ་གནང་རྒྱུའི་རེ་འདུན་གསུངས་ན་འདི་ནས་ཁྱེད་ལ་མགྲོན་བརྡའི་གློག་འཕྲིན་འབུལ་རྒྱུ་ཡིན།
kyareng@gmail.com

༢ གལ་ཏེ་ཁྱེད་ཀྱིས་ཐོ་འགོད་སོགས་གང་ཡང་བྱེད་མི་དགོས་པར་ཐད་ཀར་ཟིན་བྲིས་སམ་གླེང་སྟེགས་འདིའི་ནང་རྩོམ་ཡིག་འགོད་བློ་ཡོད་ན་གཤམ་གསལ་གློག་འཕྲིན་ཐོག་རྩོམ་ཡིག་དང་མཚན་ཧི་མ་ལའམ་ཏི་སི་ཨར་སི་བོད་གཞུང་ཡིག་གཟུགས་ཐོག་གནང་ནས་ཐད་ཀར་འགོད་ཆོག
kyareng.buddhism@blogger.com

༣ སྤྱིར་བཏང་མཆན་བུ་ཙམ་ཞིག་བསྐྱོན་པར་ཁ་བྱང་གི་ཆ་རྐྱེན་གང་ཡང་མིན་དགོས་པར་anonymousཞེས་པའི་མིང་ཐོག་ནས་འགོད་ཆོག་པ་ཡིན། ཡང་ཁྱེད་ལ་ཇི་མེལ་gmailསོགས་ཀྱི་ཁ་བྱང་ཡོད་ན་དེའི་མིང་ཐོག་ནས་ཀྱང་ཆོག་པ་ཡིན།
HTML Free Code

ཟིན་ཐོ།